ཕྱི་ལོ་༢༠༢༢ ལོའི་ཨོ་ཁི་སི་ཧྥོ་ཌི་སློབ་གྲྭ་ཆེན་མོར་བོད་ཀྱི་སྲོལ་རྒྱུན་མཁས་པའི་གདན་ཞུའི་གསལ་བསྒྲགས།

 

                  སྲོལ་རྒྱུན་མཁས་པའི་གདན་ཞུའི་ལས་རིམ་འདིའི་བརྒྱུད་ནས་ནང་པའི་མཁས་པ་སྤྱི་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་གྱི་མཁས་པ་རྣམས་ཨོ་ཁི་སི་ཧྥོ་ཌི་སློབ་གྲྭ་ཆེན་མོར་(Oxford University) གདན་འདྲེན་ཞུས་ཏེ།  འདི་གའི་དགེ་རྒན་དང་། ཞིབ་འཇུག་པ། དེ་བཞིན་སློབ་མ་རྣམས་དང་ལྷན་དུ་རིག་གནས་བརྗེ་ལེན་གྱི་གོ་སྐབས་སྐྲུན་གྱིན་ཡོད་ལ། འདི་ནི་ཕྱི་ལོ་༢༠༡༡ ལོར་ཐོག་མར་འགོ་བཙུགས་ནས་ད་ཕན་ལོ་རེའི་སྤྱི་ཟླ་དང་པོའི་ནང་མཁས་པ་རེ་རེ་གདན་དྲངས་ཏེ་བདུན་བརྒྱད་རིང་བཞུགས་སྲོལ་ཡོད།

མཉམ་བཞུགས་གནང་འདོད་ཡོད་པའི་མཁས་པ་དང་དགེ་འདུན་པ་རྣམས་ཀྱིས་གཤམ་འཁོད་གློག་འཕྲིན་ཁ་བྱང་བརྒྱུད་སྙན་ཞུ་གང་མང་འབྱོར་བའི་རེ་བ་ཞུ་བཞིན་ཡོད།  གདན་ཞུ་མཁས་པའི་སྤུས་ཚད་དང་ལས་གཞིའི་ལེགས་འབྲས་དོན་སྨིན་ཡོང་སླད། ཁྱེད་ཀྱིས་ཅིས་ཀྱང་གསལ་བསྒྲགས་འདི་དགོན་སྡེ་དང་ཆོས་སྡེ་རྣམས་སུ་བརྒྱུད་སྐུར་དང་ཁྱབ་སྤེལ་རྒྱ་གང་ཆེར་གནང་རོགས།

ཨོ་ཁི་སི་ཧྥོ་ཌི་སློབ་གླིང་དུ་བདུན་བརྒྱད་བཞུགས་རིང་གདན་ཞུ་མཁས་པའི་ཕྱག་ལས་གཙོ་བོ་ནི།  སློབ་མ་དང་ལྷན་དུ་བགྲོ་གླེང་འཚོག་རྒྱུ་དང་། གཏམ་བཤད་སྤེལ་རྒྱུ། དེ་བཞིན་ཆོས་དཔེ་ག་གེ་མོ་ཞིག་འཛིན་གྲྭར་ཁྲིད་ཀློག་བྱ་རྒྱུ་སོགས་ཡིན། འོན་ཀྱང་། འདི་ནི་རིག་གཞུང་བརྗེ་ལེན་གྱི་ལས་གཞི་ཞིག་ཡིན་པར་བརྟེན།  གདན་ཞུ་མཁས་པ་རྣམས་ལའང་སོ་སོའི་སྤྲོ་བ་དང་འཚམས་པའི་ཞིབ་འཇུག་དང་། སློབ་གཉེར་བྱ་རྒྱུའི་གོ་སྐབས་ཡོད་པ་དམ་འཛིན་གནང་དགོས།  དེ་ལྟར་ཕན་ཚུན་རིག་གནས་བརྗེ་ལེན་གྱི་བརྒྱུད་རིམ་ཁྲོད་ནས་སློབ་གླིང་འདིར་བཞུགས་ཀྱི་མཁས་པ་དང་སློབ་མ་རྣམས་ལ་འབྲེལ་ལམ་གང་ལེགས་འཛུགས་པ་བརྒྱུད།  མ་འོངས་ཕུགས་རྒྱང་རིང་པོའི་རིག་གནས་ཀྱི་ཁ་ཕྱོགས་ལ་ཕན་པ་བསྒྲུབ་ཐུབ་རྒྱུ་ནི་ང་ཚོའི་རེ་བ་ཡིན།

འདིར་བོད་ཡིག་དུ་གང་བཀོད་པ་ནི་ལས་གཞི་འདིའི་ངོ་སྤྲོད་ཉུང་བསྡུ་ཙམ་ཡིན་གྱི་ཞིབ་རྒྱས་དབྱིན་ཡིག་ལ་གཟིགས་རོགས།

འབྲེལ་གཏུགས་ཁ་བྱང་།

གློག་འཕྲིན: admin@so-wide.org